ཉེ་དུས་ནས་ཁེ་ན་ཀྲའི་ས་ཁུལ་མང་པོ་ཞིག་ཏུ་རང་བྱུང་མེ་སྐྱོན་ཆེན་པོ་བྱུང་ཞིང་། འདི་ལས་བྱུང་བའི་དུ་བ་དེ་ཁྱིམ་མཚེས་ཨ་རིའི་གྲོང་ཁྱེར་དང་ས་ཁུལ་མང་པོའི་མཁའ་དབྱིངས་སུ་ཁྱབ་བཞིན་པ་ལྟར། ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁེ་ན་ཀྲས་རང་གི་ནགས་ཚལ་སོགས་ལ་བདག་སྐྱོང་ཡག་པོ་མ་བྱས་རྐྱེན། དུ་བ་བཙོག་པ་འདིས་ཨ་རིར་བཙན་འཛུལ་བྱས་པ་ཡིན་པ་དང་། འདི་ནི་ཉེན་ཁ་ཅན་ཞིག་ཡིན་པས་ངོས་ལེན་བྱེད་ཐུབ་པ་ཞིག་རྩ་བ་ནས་མ་ཡིན་པས། འདིའི་ཐད་ཁེ་ན་ཀྲ་ལ་འགན་ཡོད་པ་བྲིས།
ད་དུང་ཁོས། ངས་ཁེ་ན་ཀྲའི་སྲིད་བློན་ལ་ཁ་པར་བཏང་ནས། འདིའི་ཐད་ལ་ཅི་ཞིག་བྱ་རྒྱུ་ཡིན་པ་སྐད་ཆ་འདྲི་རྒྱུ་ཡིན། འདི་ལ་བརྟེན་ནས་བྱུང་བའི་གྱོང་གུན་ནི་རྩི་མི་ཐུབ་པ་ཞིག་རེད། མཇུག་འབྲས་འདི་འདྲ་ཞིག་འབྱུང་རྒྱུ་ཡིན་པ་ཤེས་བཞིན་དུ། ཁེ་ན་ཀྲའི་ངོས་ནས་ནགས་ཚལ་སྲུང་སྐྱོབ་སོགས་གཞི་རྩའི་ལས་དོན་དག་བསྒྲུབ་རྒྱུ་ཁས་བླངས་མེད། འདི་ནི་བསམ་བཞིན་དུ་སྣང་མེད་བྱས་པ་ཞིག་དང་ལོ་ལྟར་འབྱུང་གི་ཡོད། འདིས་ཨ་རིར་ཨ་སྒོར་ཐེར་འབུམ་མང་པོའི་འགྲོ་གྲོན་གཏོང་དུ་འཇུག་བཞིན་ཡོད། རླུང་བཙག་པ་འདི་ལ་བརྟེན་ནས་བྱུང་བའི་འགྲོ་གྲོན་དེ། ཁེ་ན་ཀྲའི་སྟེང་ད་ལྟ་བཀལ་ཡོད་པའི་སྒོ་ཁྲལ་གྱི་ཁར་བསྣན་དགོས་འདུག་ཅེས་བཤད
