ད་ལོའི་ཕྱི་ཟླ་ 5 ཚེས་ 22 (21?)ཉིན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་རྗེམ་ མེག་གྷོ་ཝན་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་མེ་ཀལ་མི་ཁལ་གཉིས་ཀྱིས། {བོད་ཀྱི་མ་འོངས་པར་འགན་སྲུང་།}ཞེས་པའི་ཁྲིམས་འཆར་ཞིག་གྲོས་ཚོགས་འོག་མའི་ནང་དུ་ཕུལ་ཟིན་པ་ལྟར། ཁ་སང་ཚེས་ 11 ཉིན་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི། རྗེ་ཧྥི་ མེར་ཀི་ལེ་(Jeff Merkley)ཡིས་གྲོས་ཚོགས་གོང་མ་རུ་ཕུལ་ཅིང་། སྤྱི་མཐུན་ཚོགས་པའི་འཐུས་མི་རྗེམ་ རེ་ཆི་(Jim Risch)གཙོས། འཐུས་མི་ལྔ་ཡིས་ཁྲིམས་འཆར་འདི་ཕུལ་རྒྱུར་རྒྱབ་སྐྱོར་བྱས། ཁྲིམས་འཆར་འདི་ལ་ཁྱོན་ཤོག་གྲངས་ 9 ཡོད་པ་ལ། ཕྱི་སྒྲོམ་གྱི་དོན་ཚན་ཆེན་པོ་ 7 དང་། དེ་དག་གི་ནང་དུ་དོན་ཚན་བྱེ་བྲག་ 27 ཡོད་པ་དང་།
དོན་ཚན་དང་པོ། ཁྲིམས་འཆར་གྱི་མིང་།
དོན་ཚན་གཉིས་པ། བོད་དང་ཨ་རིའི་འབྲེལ་བའི་ཐད་གྲོས་ཚོགས་ཀྱིས་རྙེད་དོན། {དེའི་དོན་ནི་ཁྲིམས་འདི་འདྲ་ཞིག་བཟོ་རྒྱུར་རྒྱུ་མཚན་ཡོད་པར་བསྒྲུབ་པ།}
དོན་ཚན་གསུམ་པ། བོད་དང་རྒྱ་ནག ༸གོང་ས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཨ་རིའི་གྲོས་ཚོགས་ཀྱི་འདོད་ཕྱོགས།
དོན་ཚན་བཞི་བ། (རྒྱུ་མཚན་དེའི་ཕྱིར་ན) ཨ་རིས་བོད་ཀྱི་ཐད་སྲིད་བྱུས་གང་འདྲ་འཛིན་དགོས་པ།
དོན་ཚན་ལྔ་བ། ཨ་རིས་རྒྱལ་སྤྱིའི་སྟེང་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གྱི་ཚད་དང་། མཉམ་ཞུགས་ཀྱི་རིམ་པ་མང་དུ་གཏོང་རྒྱུར་སྐུལ་འདེད།
དོན་ཚན་དྲུག་པ། ཨ་རིའི་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་ལྷག་པར་སྲིད་སྐྱོང་དང་ལྷན་འབྲེལ་བ་འཛིན་ཕྱོགས།
དོན་ཚན་བདུན་པ། ཁྲིམས་འདི་ལག་བསྟར་འགོ་བཙུགས་རྗེས་ཀྱི་ལོ་ 1 གི་ནང་ཚུད་དུ། དོན་ཚན་ལྔ་བ་དང་དྲུག་པའི་ནང་དོན་ལག་བསྟར་བྱེད་བཞིན་པའི་ཐད། རྒྱལ་སྲིད་དྲུང་ཆེ་ཡིས་གྲོས་ཚོགས་ཀྱི་ཕྱི་རྒྱལ་ལས་དོན་ལྷན་ཚོགས་སུ་སྙན་ཐོ་འབུལ་དགོས་པ་བཅས་ཚུད།
ཁྲིམས་འཆར་འདིའི་དོན་ཚན་གཉིས་པ། བོད་དང་ཨ་རིའི་འབྲེལ་བའི་ཐད་གྲོས་ཚོགས་ཀྱིས་རྙེད་དོན་ཞེས་པའི་ནང་དུ། ཨ་རིའི་གཞུང་དང་བོད་ཀྱི་ཕྱི་འབྲེལ་གྱི་ལོ་རྒྱུས་བྱུང་རིམ་གལ་ཆེན་ཞིག་བཀོད་པ་བརྒྱུད། དོན་དངོས་སུ་ད་ལྟ་བར་འབྲེལ་བ་འདི་རྣམ་པ་གང་རུང་གི་སྒོ་ནས། ཆད་མ་མྱོང་བ་ཤུགས་ཀྱིས་སྒྲུབ་བཞིན་པ་གསལ་བོར་གྱུར། དོན་ཚན་འདིའི་ནང་དུ། ཨ་རིའི་གཞུང་དང་བོད་བར་གྱི་འབྲེལ་བ་ནི། ཕྱི་ལོ་ 1908 ལོར། ཨ་རིའི་ཕྱི་འབྲེལ་ལས་བྱེད་ཝེ་ལེམ་རོག་ཧེལ་(William Rockhill)གྱིས། (རྒྱ་ནག་རི་བོ་རྩེ་ལྔ་རུ་) ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་མཇལ་བ་ནས་འགོ་བཙུགས་ཟིན།
ཕྱི་ལོ་ 1942 ལོར་སྲིད་འཛིན་རོ་སེ་ཝེལ་ཀྲི་ཡིས། ༸གོང་ས་སྐུ་ཕྲེང་བཅུ་བཞི་བ་དང་འབྲེལ་བ་བྱས་པ། ༸གོང་ས་མཆོག་ཕྱི་ལོ་ 1979 ལོར་ཨ་རིའི་རྒྱལ་སར་ཞབས་ཀྱིས་བཅག་པ། ཕྱི་ལོ་ 1987 ལོར་ ༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་སུ། ཡིག་ཆ་ཞི་བའི་དོན་ཚན་ལྔ་ཅན་ཕུལ་བ། ཕྱི་ལོ་ 1991 ལོར་ཨ་རིའི་ལས་ཐོག་སྲིད་འཛིན་(བྷུ་ཤི་རྒན་པ་)དང་། ༸གོང་ས་མཆོག་དངོས་སུ་མཇལ་བ་བཅས། ཨ་རི་དང་བོད་ཀྱི་འབྲེལ་བ་འདི་དུས་རབས་ཉི་ཤུ་བའི་ནང་གཏིང་ཟབ་ཏུ་ཕྱིན་ཡོད་པ་བཀོད།
དོན་ཚན་འདིའི་ནང་དོན་གལ་ཆེན་གཞན་ཞིག་ནི། ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་ཉིད། སྔར་བོད་དུ་ཡོད་པའི་བོད་གཞུང་གི་རྒྱུན་ངོ་མ་ཡིན་པ་བསྒྲུབས་ཡོད་པ་དེ་གྱུར། འདིའི་ནང་དུ། ཕྱི་ལོ་ 1950 ལོར་༸གོང་ས་མཆོག་གིས་བོད་རྒྱལ་ཁབ་(State)ཀྱི་དབུ་ཁྲིད་ཀྱི་གོ་གནས་བཞེས་ཤིང་། ཕྱི་ལོ་ 1959 ལོར་བཙན་བྱོལ་དུ་ཕེབས་པ་དང་། ༸གོང་ས་མཆོག་གིས་མུ་མཐུད་དུ་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་གནང་ཡོད་པ། ཕྱི་ལོ་ 2011 ལོར་༸གོང་ས་མཆོག་གིས། རང་གི་ཆབ་སྲིད་ཀྱི་སྐུ་དབང་གཞུང་འདི་(སྐབས་དེའི་བོད་གཞུང་)ལ་གནང་ཟིན་པ།
གཞུང་འདིའི་འཛིན་སྐྱོང་དང་ཁྲིམས་བཟོའི་ལས་བྱེད་དག་མང་གཙོའི་འོས་བསྡུ་བརྒྱུད་འདེམས་བཞིན་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྒྱུར་བཅོས་ཀྱིས། འཛིན་སྐྱོང་གི་དབང་ཆ་དེ་སྲིད་སྐྱོང་ལ་སྤྲད་ཟིན་པ་བཅས་རྒྱུན་མ་ཆད་པ་བཀོད། གཞན་ཡང་དོན་ཚན་འདིའི་ནང་དུ། ཕྱི་ལོ་ 2020 ལོའི་ཨ་རིའི་བོད་ཀྱི་སྲིད་བྱུས་དང་། རྒྱབ་སྐྱོར་ཁྲིམས་ཡིག་གི་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་། ལོ་རྒྱུས་ཀྱི་ངོ་བོ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཨ་རིས་ཡུན་རིང་གི་སྲིད་བྱུས་སུ་བསྒྱུར་ཡོད་པ།
ཕྱི་ལོ་ 2024 ལོའི་བོད་རྒྱའི་རྩོད་རྙོག་སེལ་བའི་སྐུལ་འདེད་ཁྲིམས་ཡིག་གི་ནང་དུ། བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྱི་རྩོད་རྙོག་འདི་སེལ་མེད་པ་ཞིག་ལ་ངོས་འཛིན་དང་། བོད་འདི་གནའ་རབས་ནས་རྒྱའི་ཆ་ཤས་ཡིན་ཚུལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྒྲོག་བཞིན་པ་དེ་བདེན་པར་ངོས་འཛིན་མེད་པ་སོགས་ཡང་བསྐྱར་མནན་བཤད་བྱས། དེ་བཞིན་བོད་མི་ཚོར་རྒྱལ་སྤྱིའི་ཁྲིམས་ལྟར་རང་ཐག་རང་ཆོད་ཀྱི་ཐོབ་ཐང་ཡོད་པ་དང་། ཉེ་དུས་བཟོས་པ། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། ཡར་རྒྱས་ཀྱི་ཁྲིམས་ཞེས་པ་ནི།བོད་གཙོས་གྲངས་ཉུང་མི་རིགས་དག་ལ་སྤྲད་པའི་རང་སྐྱོང་གི་ཐོབ་ཐང་། རྒྱ་ནག་རང་གི་རྩ་ཁྲིམས་ཀྱིས་འགན་ལེན་བྱས་ཡོད་པ་དག་དང་འགལ་ཡོད་པ།
དོན་ཚན་གསུམ་པ། རྒྱ་ནག་གཞུང་གིས་བོད་མི་ཚོར་ཆོས་དང་རིག་གཞུང་སྐད་ཡིག་སོགས། གཞི་རྩའི་ཐོབ་ཐང་དག་སྲུང་སྐྱོབ་བྱེད་དུ་བཅུག་མེད་པའི་སྟེང་། ཐོབ་ཐང་འདི་དག་མེད་པ་བཟོ་བ་དང་བོད་མིའི་ངོ་བོ་བསྒྱུར་རྒྱུའི་ཁྲིམས་གསར་བ་བཟོས་པ། ཨ་རིས་བོད་རྒྱའི་བར་གྲོས་མོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡང་། གྲོས་མོལ་ངོ་མ་ཞིག་བྱ་རྒྱུར་རྒྱ་ནག་གིས་ལྷག་བསམ་གྱི་རྣམ་འགྱུར་མ་བསྟན་པ་བཀོད། དོན་ཚན་འདིའི་ནང་དོན་གལ་ཆེན་གཞན་ཞིག་ནི། དགའ་ལྡན་ཕོ་བྲང་ཡིག་ཚང་ནི། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་ཁྲིམས་མཐུན་བདག་དབང་ཡོད་མཁན་གཅིག་བུ་དེ་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ནི་བོད་མི་ཚོའི་ཁྲིམས་མཐུན་སྐུ་ཚབ་དེ་ཡིན་པ་བཀོད།
དོན་ཚན་བཞི་བ། (རྒྱུ་མཚན་དེའི་ཕྱིར་ན) ཨ་རིས་བོད་ཀྱི་ཐད་སྲིད་བྱུས་གང་འདྲ་འཛིན་དགོས་པ་ཞེས་པའི་ནང་དུ།
དང་པོ། ཨ་རི་རང་གི་ཐབས་བྱུས་ཀྱི་(ཕུགས་རྒྱང་གི)ཁེ་ཕན་ཞིག་གི་ངོས་ནས། བོད་རྒྱའི་རྩོད་རྙོག་སེལ་རྒྱུར་ཨ་རིར་ཆོད་སེམས་ཡོད་དགོས་པ།
གཉིས་པ། བོད་མིའི་ཐུན་མིན་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས།
སྐད་ཡིག་བཅས་(སྲུང་སྐྱོབ)ཀྱི་ཐད་ཨ་རིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྐུལ་མ་གཏོང་རྒྱུ།
གསུམ་པ། རང་ཐོག་རང་གཅོད་དང་འགྲོ་བ་མིའི་ཐོབ་ཐང་སོགས།
རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཐོབ་ཐང་དག་བོད་མི་ཚོས་ལོངས་སུ་སྤྱོད་རྒྱུར་ཨ་རིས་རྒྱབ་སྐྱོར་བྱ་རྒྱུ།
བཞི་བ། བོད་མིའི་སྒྲིག་འཛུགས་ནི། ༸གོང་ས་མཆོག་(སྐུ་ཕྲེང་མ་བཀོད།)གིས་བཙུགས་པའི་བོད་མི་ཚོའི་གཞུང་གི་རྒྱུན་དེ་ཡིན་པ།
ལྔ་བ། བོད་མི་མང་གིས་འོས་བསྡུ་བརྒྱུད་ཁྲིམས་མཐུན་བཟོས་ཟིན་པ་བོད་མིའི་སྒྲིག་འཛིགས་ཀྱི་ངོས་ནས། ༸གོང་ས་མཆོག་གིས་གནང་བའི་འགན་དབང་འདི་ལག་བསྟར་བྱ་རྒྱུར་ཨ་རིས་རྒྱབ་སྐྱོར་བྱ་རྒྱུར།
དོན་ཚན་ལྔ་བ། སྲིད་འཛིན་གྱིས་རྒྱལ་ཚོགས་སུ་ཡོད་པའི་ཨ་རིའི་སྐུ་ཚབ་ལ། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་མིའི་སྒྲིག་འཛུགས་ལ་{ལྟ་ཞིབ་པའི་ཐོབ་ཐང་}དང་། རྒྱལ་ཚོགས་ཀྱི་ལྷན་ཁང་གཞན་དུ་མཉམ་ཞུགས་བྱ་རྒྱུའི་ཐོབ་ཐང་རག་ཐབས་ཆེད་འབད་པ་བྱ་དགོས་པའི་བཀའ་རྒྱ་གཏོང་རྒྱུ། དེ་བཞིན་རྒྱལ་སྲིད་དྲུང་ཆེ་ཡིས། རྒྱལ་སྤྱིའི་འབྲེལ་ཡོད་སྡེ་ཁག་དག་ཏུ། བོད་མིའི་སྒྲིག་འཛུགས་ཚུད་ཐབས་དང་། འདིའི་ཆེད་རྒྱལ་སྤྱིའི་སྟེང་གི་བསམ་ཚུལ་གཅིག་ཅན་དག་ནས་རྒྱབ་སྐྱོར་འཚོལ་དགོས་པ།
དེ་བརྒྱུད་ནས་རྒྱལ་ཚོགས་ཀྱི་ཐབས་བྱུས་ལས་དོན་ལག་བསྟར་ལྷན་ཁང་དག་དང་ཐེབས་རྩ། རྩ་འཛུགས་སོགས་སྡེ་ཁག་གཞན་གྱི་ནང་དུ། བོད་མིའི་སྒྲིག་འཛུགས་འདྲ་མཉམ་གྱིས་ཞུགས་ཐུབ་པ་ཁག་ཐེག་བཟོ་རྒྱུ་བཅས་ཚུད། དོན་ཚན་དྲུག་པ། དོན་ཚན་བཞི་བའི་ནང་དོན་ལག་བསྟར་ཆེད། ༡ རྒྱལ་སྲིད་དྲུང་ཆེ་ཡིས། ཨ་རིའི་ལས་ཁུངས་དག་བརྒྱུད་སྲིད་སྐྱོང་དང་། སྲིད་སྐྱོང་གི་སྐུ་ཚབ་གཙོས་ཆེས་མཐོའི་ལས་བྱེད་དག་བཅས། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལས་བྱེད་དག་ལ་ཐད་ཀར་འབྲེལ་བ་འཛིན་རྒྱུ།
༢ སྲིད་སྐྱོང་ཨ་རི་ལ་ཡོང་བའི་རིང་སྲུང་སྐྱོབ་ཚད་ལྡན་སོགས། ལུགས་མཐུན་གྱི་ཕྱི་འབྲེལ་སྣེ་ལེན་བྱ་རྒྱུ་ཁག་ཐེག་ཆེད་ལས་ཀ་བྱ་རྒྱུ། ༣ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དག་ཨ་རིར་ཡོང་སྐབས། ཁྲིམས་ཐོག་ནས་ལས་བྱེད་དེའི་ཁེ་དབང་སྲུང་སྐྱོབ་བྱ་ཐུབ་མིན་ཐད་བསམ་བློ་གཏོང་རྒྱུ། (སྲུང་སྐྱོབ་འདི་ནི་ཕྱི་འབྲེལ་ཁྲོད་ཧ་ཅང་གལ་ཆེ།) ༤ ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་གཞན་ལའང་། བོད་མིའི་སྒྲིག་འཛུགས་ལ་ཚད་མཐོའི་ངོས་ནས་འབྲེལ་བ་དང་། རྒྱབ་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་ཚུད།
{རྒྱལ་ཚོགས་སུ་ལྟ་ཞིབ་པའི་ཐོབ་ཐང་}ཞེས་པ་ནི། རྒྱལ་ཚོགས་ཀྱིས་ངོས་འཛིན་ཡོད་པའི་རྒྱལ་ཁབ་རང་བཙན་པ་ཞིག་ལྟར། རྒྱལ་ཚོགས་སུ་འོས་བླུག་རྒྱུ་སོགས་ཀྱི་ཐོབ་ཐང་མེད་ཀྱང་། རྒྱལ་ཚོགས་ཀྱི་ཚོགས་འདུར་ཞུགས་ཆོག་པ་དང་། གཞན་ཡང་འཕྲོད་བསྟེན་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སོགས། རྒྱལ་ཚོགས་ཀྱི་ལས་དོན་གཞན་མང་པོའི་ནང་ཞུགས་རྒྱུའི་ཐོབ་ཐང་ཡོད་པ། པཱ་ལི་སི་ཐན་དང་ཡེ་ཤུ་གདན་ས་སོགས་ལ་སྤྲད་པ་དེར་གོ་དགོས་ནའང་། བྲེ་བྲག་བོད་མིའི་སྒྲིག་འཛུལས་ལ་ཐོབ་ཐང་གང་ཞིག་རག་ཐབས་བྱ་རྒྱུ་ནི་གཞི་ནས་མཐོང་རྒྱུ།
གསལ་བཤད། གོང་དུ་གུག་རྟགས་()ནང་དུ་བྲིས་ཡོད་པ་དག་ནི། ཀློག་པ་པོས་ནང་དོན་གསལ་བོར་རྟོགས་ཐུབ་ཆེད། ཐོན་མིའི་གཙུག་ལག་རྒྱལ་སྤྱིའི་ངོས་ནས་བཞག་པ་ཞིག་ལས། ཁྲིམས་འཆར་གྱི་མ་ཡིག་ནང་དུ་མེད། དེ་བཞིན་གོང་དུ་བཀོད་པ་དག་ནི་ཁྲིམས་འཆར་གྱི་ནང་དོན་གཙོ་བོ་དག་ཡིན་པ་ལས། ཐད་ཀར་ཆ་ཚང་བསྒྱུར་ནས་བཀོད་མེད་པ་མཁྱེན་གལ་ཆེ།
་
