རྒྱ་ནག་དམར་ཤོག་གཞུང་གི་སྲིད་བློན་ཟུར་བ། ཀྲུ་རོང་ཅི་(朱镕基)དེ་རིང་པེ་ཅིང་དུ་ཤི་ཟིན་པའི་གནས་ཚུལ་ཐོན། ད་ལྟ་ཁོ་རང་ལོ་ 97 ཡིན་པ་དང་། ཕྱི་ལོ་ 1998 ནས་ཕྱི་ལོ་ 2003 བར་ཁོས་སྲིད་བློན་གྱི་འགན་འཁུར། ཁོ་ནི་རྒྱ་ནག་གི་དཔལ་འབྱོར་དེ་རྒྱལ་སྤྱིའི་སྟེགས་བུ་དང་། ཁྲོམ་རར་སྐྱེལ་མཁན་གཙོ་བོ་ཞིག་ལ་ངོས་འཛིན། ལྷག་པར་ཕྱི་ལོ་ 2001 ལོར་རྒྱ་ནག་དེ། རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཚོགས་ཁྲོད་ཞུགས་པའི་རྒྱབ་ཀྱི་འཆར་གཞི་བཟོ་མཁན་གཙོ་བོ་ཁོ་ཡིན་པ་ངོས་འཛིན།
ལྟ་བ་གཙོ་འཛིན་གྱི་སྟེང་གཞིར་བཞག་ནས་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་དཔལ་འབྱོར་སྤྱི་ལ་བཅོས་བསྒྱུར་དང་། ལེགས་འགྲུབ་མེད་པའི་གཞུང་འབྲེལ་གྱི་ཁེ་གཉེར་མང་པོ་སྒོ་བརྒྱབས་ནས། ཚོང་ལས་སྒེར་བདག་ཅན་ནམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས། ཆབ་སྲིད་སྒེར་གཅོད་དང་། དཔལ་འབྱོར་མ་རྩ་ཅན་གཉིས་མཉམ་དུ་སྦྱར་བ།ད་ལྟའི་ལམ་ལུགས་འདི་བཙུགས་པའི་ཁྲོད་གལ་ཆེན་མི་སྣ་ཞིག་ལ་ངོས་འཛིན། རྒྱ་ནག་དམར་ཤོག་གཞུང་འབྲེལ་གྱི་གསར་ཁང་གིས། ཀྲུ་རོང་ཅི་ཡི་མི་ཚེ་ནི་གསར་བརྗེ་དང་འཐབ་རྩོད། རིག་སྟོབས་བཅས་ཀྱིས་བཅིངས་ཡོད་པ་ཞིག་ཡིན་པ་བཤད།
ཀྲུ་རོང་ཅི་ནི་ཕྱི་ལོ་ 1928 ལོར་རྒྱ་ནག་ཧུ་ནན་ཞིང་ཆེན་དུ་སྐྱེས་ཤིང་། ཐོག་མར་གློག་གི་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་གསལ། ཕྱི་ལོ་ 1949 ལོར་ཁོ་དམར་ཤོག་ཚོགས་པའི་ནང་དུ་ཞུགས་ཟིན་པ་དང་། ཁོས་མོ་ཙེ་ཏུང་གི་དཔལ་འབྱོར་སྲིད་བྱུས་ནི་རིག་པ་དང་མི་མཐུན་པར་སྐྱོན་བརྗོད་བྱས་རྐྱེན། ཁོ་ལ་གཡས་ཕྱོགས་པའི་ཉེས་པ་བཙུགས་ཤིང་། དེའི་རྗེས་སུ་རིག་གནས་གསར་བརྗེའི་སྐབས་སུ། ཁོ་ལ་ཡང་བསྐྱར་ཆབ་སྲིད་ཀྱི་ཐད་ནས་ཉེས་སྐྱོན་བཙུགས་ཡོད་པ་བཤད། མོ་ཙེ་ཏུང་ཤི་རྗེས་ཁོ་ཡང་བསྐྱར་ཆབ་སྲིད་ཁྲོད་སླེབས་ལ་བཅས།
