ཨ་རིའི་འབྱོར་ལྡན་ཨེ་ལོན་མ་སི་ཁི་ཡིས་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་ལ། ད་ལོའི་ཕྱི་ཟླ་ 11 ནང་གི་གྲོས་ཚོགས་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད། ཉུང་མཐར་ཨ་སྒོར་ས་ཡ་ $100 གཏོང་རྒྱུ་ཡིན་པ་བཤད་ཟིན་པའི་གནས་ཚུལ་ཐོན། ཡིན་ན་ཡང་། ལོ་སྔོན་མར་ཁོ་གཉིས་བར་འགལ་ཟླ་བྱུང་ཟིན་པ་དེ་ཡོངས་སུ་བཅོས་ཐུབ་རྒྱུ་མིན་པ་ཚོད་དཔག་བྱེད། ལོ་སྔོན་མའི་ཨ་རིའི་འགྲོ་གྲོན་སྔོན་རྩིས་དང་འབྲེལ། ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་འགལ་ཟླ་ཤོར།
མཐར་ཨེ་ལོན་མ་སི་ཁིས། ནག་ཅན་ཨེབ་སི་ཀྲེན་གྱི་ཡིག་ཆ་ཨ་རིའི་གཞུང་གིས་ཕྱི་མི་བསྟན་དོན་ནི། ཡིག་ཆ་དེའི་ནང་དུ་སྒྲོ་ནལ་ཁྲི་རམ་ཕུ་རང་གི་མིང་ཡོད་པས་རེད་ཅེས་བཤད་ཅིང་། སྐད་ཆ་འདི་ནི་དོན་དངོས་སུ་ཁོ་གཉིས་སྒེར་གྱི་འབྲེལ་བ་གཏོར་བྱེད་ཀྱི་འགད་རྫས་ཆེན་པོ་ཞིག་ལྟར་གྱུར། ད་ལྟ་སྤྱིའི་ཆ་ནས་མང་གཙོ་ཚོགས་པ་དེ་མངོན་གསལ་མ་ཡིན་པའི་ངང་། ནང་ཁུལ་དུ་ཆབ་སྲིད་ཀྱི་ཤོག་ཁག་གསུམ་དུ་གྱེས་ཡོད་པ་དང་། དེ་ནི་སྔར་གྱི་སྲོལ་རྒྱུན་གྱི་མང་གཙོ་ཚོགས་པའི་ཆབ་སྲིད་པ་ཚོའམ་དབང་ཆའི་ལྟེ་བ་འཛིན་མཁན་དག
གཉིས་པ། ཐལ་དྲགས་པའི་གུ་ཡངས་རིང་ལུགས་པའི་ལྟ་བ་འཛིན་མཁན་དག་དང་། གསུམ་པ། རང་ཉིད་མང་གཙོའི་སྤྱི་ཚོགས་རིང་ལུགས་པ་(DSA)ཞིག་ཡིན་པ་བཤད་པའི་ཤོག་ཁག་ཅིག་བཅས་རེད། ད་ལྟ་ཨ་རིའི་མངའ་སྡེ་དག་ཏུ། ཆབ་སྲིད་ཚོགས་པ་གཉིས་ཀྱི་ནང་ཁུལ་དུ། ད་ལོའི་འོས་འགྲན་དངོས་གཞིའི་ཁྲོད་ཞུགས་མཁན་དག་འདེམས་བཞིན་པས། འདི་དག་གི་ནང་ཕན་ཚུན་བར་གྱི་ཁྱད་པར་དང་། འགྲན་རྩོད་གསལ་བོར་ཕྱིར་མངོན་བཞིན་པའི་མཚམས། ཡིན་ན་ཡང་། ཁོ་ཚོ་ཐུན་མོང་གི་སྐད་ཆ་གཅིག་ཡོད་པ་ནི། འབྱོར་ལྡན་ཚོའི་སྟེང་དུ་ཚོང་ཁྲལ་མང་དུ་འགེལ་རྒྱུ་དེ་ཡིན་པར་བརྟེན། ཚོང་པ་ཞིག་ཡིན་པའི་ཨེ་ལོན་མ་སི་ཁི་ལ། འོས་བསྡུ་འདི་ནི་སྒེར་གྱི་ཚོང་ལས་ཁེ་ཕན་ལ་ཐུག་པའི་གནད་དོན་ཞིག་ཏུ་གྱུར།
