Homeརྒྱལ་སྤྱི།ཡུ་རོབ།རཱ་དམག་གི་སྒྲི་རོན་ནུབ་ཆིངས་ཀྱི་མཁའ་དབྱིངས་སུ་འཛུལ་བ། 

རཱ་དམག་གི་སྒྲི་རོན་ནུབ་ཆིངས་ཀྱི་མཁའ་དབྱིངས་སུ་འཛུལ་བ། 

Date:

2025/9/10 གཟའ་ལྷག་པ།

མདང་དགོང་དང་དེ་རིང་ཞོགས་པར་རཱ་དམག་གིས་ཡུ་ཁུ་རན་ལ་སྒྲི་རོན་ 415 ཡིས་ཚུར་རྒོལ་སྐབས། རཱ་དམག་གི་སྒྲི་རོན་འགའ་ཕོ་ལན་ཀྲིའི་མཁའ་དབྱིངས་སུ་འཛུལ་བའི་གནས་ཚུལ་ཐོན་ཟིན་པ་ལྟར། ཕོ་ལན་ཀྲིའི་སྲིད་བློན་ལྟར་ན། ཐེངས་འདིར་རཱ་ཤི་ཡའི་སྒྲི་རོན་ 19 ཕོ་ལན་ཀྲིའི་མཁའ་དབྱིངས་སྲུང་སྐྱོབ་ཚད་ཐིགས་ཀྱི་ནང་དུ་འཛུལ་ཟིན་པ་བཤད། དེ་དག་ལས་སྒྲི་རོན་ 4 ཕོ་ལན་ཀྲི་དང་། ནུབ་ཆིངས་མཁའ་དམག་གིས་ཐང་ལ་གཡུག་ཟིན་པ་གསལ། འདི་ནི་ཕོ་ལན་ཀྲིའི་མཁའ་དབྱིངས་ནས་རཱ་ཤི་ཡའི་སྒྲི་རོན་ཞིག་ནུབ་ཆིངས་དམག་དཔུང་གིས་འགོག་དགོས་བྱུང་བ་ཐོག་མ་དེ་གྱུར།

ད་ལྟ་གནས་ཚུལ་ཐོན་པ་ལྟར་ན། སྒྲི་རོན་མ་ཟད་རཱ་ཤི་ཡའི་འཕུར་མདའི་ཆག་རོ་ཞིག་ཀྱང་ཕོ་ལན་ཀྲིའི་མངའ་ཁོངས་ནས་རྙེད་ཟིན་པ་བཤད། ཕོ་ལན་ཀྲིར་ཡོད་པའི་རཱ་ཤི་ཡའི་གཞུང་ཚབ་ཀྱིས། གནས་ཚུལ་འདི་ནི་གཞི་མེད་ཅིག་རེད་ཅེས་བཤད། ད་ལྟ་དྲི་བ་ཆེ་ཤོས་ནི་རཱ་དམག་གིས་ཆེད་དུ་སྒྲི་རོན་འདི་དག་བཏང་བ་ཡིན་ནམ་ཞེས་པ་དེ་རེད། སྤྱིར་ཕོ་ལན་ཀྲི་དང་ཡུ་ཁུ་རན་གཉིས་ཁྱིམ་མཚེས་ཡིན་པས། སྐབས་རེར་རཱ་དམག་གིས་ཡུ་ཁུ་རན་ལ་ཚུར་རྒོལ་དྲག་པོའི་སྐབས། སྒྲི་རོན་རེ་ཟུང་ཕོ་ལན་ཀྲི་དང་རོ་མ་ནི་ཡ་སོགས་ཀྱི་མངའ་ཁོངས་སུ་འཛུལ་བའི་གནས་ཚུལ་སྔར་ཡང་བྱུང་ཟིན།

ཡིན་ན་ཡང་། ཐེངས་འདིར་སྒྲི་རོན་ 19 ཕོ་ལན་ཀྲིའི་མཁའ་དབྱིངས་སུ་འཛུལ་ཟིན་པས། འདི་ནི་ཆེད་དུ་མ་ཡིན་ན་འགྲེལ་བཤད་གཞན་ཞིག་རྒྱག་རྒྱུ་མེད་པར་གྱུར། ཡུ་ཁུ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ཡིས། ཕོ་ལན་ཀྲིའི་མཁའ་དབྱིངས་སུ་སྒྲི་རོན་ 24 འཛུལ་ཟིན་པ་དང་། ཉུང་མཐར་སྒྲི་རོན་ 8 ཆེད་དུ་ཕོ་ལན་ཀྲིའི་ཕྱོགས་སུ་བཏང་བ་རེད་ཅེས་བཤད། ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། འདི་ནི་ངོས་ལེན་ཐུབ་པ་ཞིག་མ་རེད་ཅེས་དང་། ཁོ་དང་ནུབ་ཆིངས་དྲུང་ཆེ་གཉིས་མགྱོགས་པོར་ཐུག་རྒྱུ་ཡིན་པ་བཤད། གཞན་ཡང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་ཀྱང་འདི་ནི་ངོས་ལེན་ཐུབ་པ་ཞིག་མ་རེད་ཅེས་སྐྱོན་བརྗོད་བྱས། ཁོ་ནི་ཕུ་ཀྲན་དང་འབྲེལ་བ་ཉེ་བོ་འཛིན་མཁན་གྱི་ཡུ་རོབ་ཀྱི་དབུ་ཁྲིད་ཅིག་ཏུ་ངོས་འཛིན།

གཞན་ཡང་དབྱིན་ཇིའི་སྲིད་བློན་དང་ཅེག་སྤྱི་མཐུན་གྱི་སྲིད་བློན། ཧྥིན་ལན་ཀྲིའི་སྲིད་འཛིན། ལཱ་ཏི་ཝེ་ཡའི་སྲིད་འཛིན། ཡུ་རོབ་མཉམ་འབྲེལ་གྱི་དབུ་ཁྲིད་སོགས་ཀྱིས་སྐྱོན་བརྗོད་དང་ཉེན་བརྡ་བཏང་། དབྱིན་ཇིའི་བདེ་སྲུང་དྲུང་ཆེ་རྗོན་ཧེ་ལེ་ཡིས། ད་ལྟ་ཕོ་ལན་ཀྲི་དང་མཇར་མན། ཧྥ་རན་སི། ཨི་ཀྲ་ལི། ཡུ་ཁུ་རན་བཅས་ཀྱི་བདེ་སྲུང་བློན་ཆེན་དག་དང་ལྷན་ཛ་དྲག་ཚོགས་འདུ་བསྐོང་རྒྱུ་ཡིན་པ་བཤད། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་དབུ་ཁྲིད་ལྕམ་ཁཱ་ཆ་ཁ་ལ་སི་ཡིས། འདི་ནི་སྟབས་ཉེས་ནས་བྱུང་བ་མ་ཡིན་པར། ཆེད་དུ་བརྩམས་པ་ཞིག་ཡིན་པ་ཡིད་ཆེས་བྱ་ཆོག་པའི་གཞི་འདུག་ཅེས་བཤད། སྒྲོ་ནལ་ཁྲི་རམ་ཕུས་ད་ལྟ་བར་གང་ཡང་མ་བཤད། (ཨ་རིའི་རྒྱལ་སར་ཞོགས་པའི་་ཆུ་ཚོད་ 6:38 ཡིན་པ་གསལ།)

ཕོ་ལན་ཀྲི་ནི་ནུབ་ཆིངས་རྒྱལ་ཁབ་ 32 གྲས་ཀྱི་གཅིག་ཡིན་པས། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་བཞི་བའི་དགོངས་དོན་ལྟར། ཕོ་ལན་ཀྲིས་རང་གི་རྒྱལ་སྲུང་ཐད། ནུབ་ཆིངས་རྒྱལ་ཁབ་ཚོས་གྲོས་མོལ་བྱ་རྒྱུའི་དགོས་འདུན་བཏོན་ཟིན་པའི་གནས་ཚུལ་ཐོན། ནུབ་ཆིངས་ཀྱི་རྩ་འཛིན་ཁྲིམས་ལྟར་ན། ཁོངས་གཏོགས་རྒྱལ་ཁབ་གང་ཞིག་གི་བདེ་སྲུང་ལ་ཉེན་ཁ་བྱུང་ཚེ། ཐོག་མར་རྩ་འཛིན་དོན་ཚན་བཞི་བའི་འོག་རྒྱལ་ཁབ་དེས་རང་གི་བདེ་སྡུག་ཡར་ཞུ་རྒྱུ་དང་། དེའི་ཐད་ནུབ་ཆིངས་དབུ་ཁྲིད་ཚོས་གྲོས་མོལ་བྱ་དགོས་པ། གལ་སྲིད་རྒྱལ་ཁབ་གཞན་གྱིས་ཆེད་དུ་ཚུར་རྒོལ་བྱས་པ་ཞིག་ལ་ངོས་བཟུང་ཚེ། དོན་ཚན་ལྔ་བའི་དགོངས་དོན་ལྟར་དེ་ནི་ནུབ་ཆིངས་རྒྱལ་ཁབ་ཚང་མར་ཚུར་རྒོལ་བྱས་པ་ཞིག་ལ་ངོས་འཛིན་དགོས་པ་ཡིན།

◾ ཡིན་ན་ཡང་། ད་ལྟའི་ཨ་རིའི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཕྱིན་རྐྱེན། དགོས་མཁོ་བྱུང་སྐབས་ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་བ་དེ་ཚུལ་བཞིན་ལག་བསྟར་བྱ་མིན་ཡང་དོགས་གནས་ཆེན་པོ་ཞིག་ཏུ་གྱུར། དེའི་དོན་ནི་ནུབ་ཆིངས་རྒྱལ་ཁབ་ཅིག་ལ་རྒྱལ་ཁབ་གཞན་ཞིག་གིས་ཚུར་རྒོལ་བྱས་ཚེ། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་ལྔ་བའི་དགོངས་དོན་ལྟར། ཨ་རིས་རྒྱལ་ཁབ་གང་དེར་དོན་དངོས་སུ་རོགས་བྱའམ་ཞེས་པ་དེ་རེད།

དེར་བརྟེན་འགའ་ཤས་ཀྱིས། འདི་ནི་ཕུ་ཀྲན་གྱིས་ཆེད་དུ་ནུབ་ཆིངས་ཀྱི་ནང་ཁུལ་ཆིག་སྒྲིལ་དང་། རྩ་འཛིན་ཁྲིམས་ཀྱི་ཚད་གཞི་དང་ནང་དོན་ལ་ཚོད་ལྟ་བྱེད་བཞིན་པ་ཞིག་ཡིན་པའང་བཤད། རྩ་འཛིན་དོན་ཚན་འདི་ད་ལྟ་བར་ཐེངས་གཅིག་ལས་ལག་བསྟར་བྱས་མེད་པ་དང་། དེ་ནི་ཕྱི་ལོ་ 2001 ཟླ་ 9 ནང་ཁ་ཆེ་དྲག་སྤྱོད་པས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་གཏོར་རྒོལ་བྱས་རྗེས། ནུབ་ཆིངས་དམག་དཔུང་གིས་དཀྱིལ་ཤར་དུ་དཔུང་འཇུག་བྱས་པ་དེ་གྱུར།

གསར་གནས།

རྒྱ་ནག་གི་རྒྱལ་འཛད་སྤྱོད་ཉམ་རྒུད་དང་། ཕྱིར་འཚོང་ཡར་རྒྱས།

རྒྱ་ནག་གི་ཁྱིམ་བདག་ཚོའི་རྒྱུ་དངོས་ཀྱི་བརྒྱ་ཆ་ཕྱེ་ཀ་ས་ཁང་དང་འབྲེལ་ཡོད་པ་དང་། ས་ཁང་གི་རིན་གོང་ཡར་འཕར་ཐུབ་ཀྱི་མེད་པར། མུ་མཐུད་དུ་མར་ཟག་བཞིན་པའི་མཇུག་འབྲས་སུ། འཛད་སྤྱོད་པ་ཚོས་ཁྲོམ་རར་དངུལ་སྒོར་གཏོང་ཐུབ་ཀྱི་མེད་པ།

ཨེ་ལོན་མ་སི་ཁིས་འོས་བསྡུའི་ཆེད་ཞལ་འདེབས།

ཨེ་ལོན་མ་སི་ཁི་དང་སྒྲོ་ནལ་ཁྲི་རམ་ཕུ་བར་གྱི་འབྲེལ་བ་བསྐྱར་གསོ་མ་ཐུབ་ཀྱང་། ད་ལོའི་ཕྱི་ཟླ་ ༡༡ ནང་གི་འོས་བསྡུའི་ཁྲོད། སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཐོབ་ཆེད་ཨེ་ལོན་མ་སི་ཁིས་ཞལ་འདེབས་སྤྲོད་རྒྱུའི་གནས་ཚུལ་ཐོན།

ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་ཆུང་དུ་བཏང་།

ཨ་རིའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུས། ཁོ་དང་བྱང་ཀོ་རེ་ཡའི་དབུ་ཁྲིད་ཀེམ་ཇོང་ཨུན་གཉིས་འབྲེལ་བ་ཡག་པོ་ཡོད་པས། ཨ་རི་དང་ལྷོ་ཀོ་རེ་ཡའི་དམག་སྦྱོང་གི་གཞི་རྒྱ་ཆུང་ངུ་གཏོང་རྒྱུ་ཡིན་པ་བཤད། དབྱེ་ཞིབ་པ་ཚོས་འདི་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་སྲུང་ལ་ཉེན་ཁ་ཅན་ཞིག་ཏུ་འདོད།

ངོ་རྒོལ་ཐེངས་གཉིས་པ་འགོ་འཛུགས་རྒྱུ་ཡིན།

རྒྱ་གར་ཀོ་ཀི་རོ་ཆི་ཆབ་སྲིད་ཚོགས་པས་ཡང་བསྐྱར་རྒྱལ་ས་ལྡི་ལིར་ངོ་རྒོལ་འགོ་གཟུག་རྒྱུ་ཡིན་པ། ཚོགས་པ་འདི་འཛུགས་མཁན་གྱི་དབུ་ཁྲིད་ན་གཞོན་ཨ་བྷི་ཇེ་ཀྲི་ཡིས་བསྒྲགས།

ཨ་རིའི་གཞུང་ཚབ་ཕྱིར་ཕུད་རྒྱུའི་སྙན་ཞུ།

ཁེ་ན་ཀྲར་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ཁེ་ན་ཀྲའི་ནང་སྲིད་ཁྲོད་ཐེ་བྱུས་བྱེད་ཀྱི་འདུག་ཅེས། ཡུལ་དེའི་མི་མང་པོས་ཁོ་ཕྱིར་ཕུད་དགོས་པའི་སྙན་ཞུ་ཕུལ། སྙན་ཞུ་འདི་ལ་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱབ་སྐྱོར་བྱས།