ཕྱི་ལོ་ ༢༠༢༥/༨/༨ གཟའ་པ་སངས།
. ཨ་རིའི་བཅོས་མའི་རིག་པ་དང་འབྲེལ་བའི་ཁེ་གཉེར་དང་། ཞིབ་འཇུག་སྡེ་ཁག་ཆེན་པོ་ཨོ་པན་ཨེ་ཨའེ་(OpenAI)ཡིས། སྐད་ཆའི་མ་ལག་དང་ཉེན་ཆས་ ChatGPT ཐོན་རིམ་ལྔ་བ་དེ་ཕྱིར་བཏོན་ཅིང་། མགྱོགས་པོར་བེད་སྤྱོད་བྱེད་མཁན་ས་ཡ་ 700 ཡི་ལག་ཏུ་འབྱོར་རྒྱུ་ཡིན་པ་ཁ་སང་བསྒྲགས། འདིའི་དབུ་འཛིན་སེམ་ ཨལ་ཀྲི་མན་གྱིས། མཉེན་ཆས་འདི་ལ་སྐད་ཆ་དྲིས་པ་ནི། དོན་དངོས་ཀྱི་འབུམ་རམས་པ་ཞིག་ལ་སྐད་ཆ་འདྲི་བཞིན་པ་ལྟ་བུ་ཞིག་ཡིན་པ་ཚོར་སོང་ཞེས་བཤད།
གཞན་ཡང་ཁོས། ཡིན་ན་ཡང་། ཐོན་རིམ་ལྔ་བ་(GPT-5)འདིས་ད་དུང་འགྲོ་བ་མིའི་ཚབ་ཆ་ཚང་བྱེད་ཐུབ་ཀྱི་མེད་པ་དང་། མ་ལག་རང་ངོས་ལ་སློབ་སྦྱོང་བྱེད་རྒྱུའི་ནུས་པ་མེད་པ་བཤད།
•. དེའི་དོན་ནི་བཅོས་མའི་རིག་པའི་མཉེན་ཆས་འདིས། དྲྭ་ལམ་དུ་བཞག་ཟིན་པའི་གསར་འགྱུར་དང་། དཔེ་དེབ། དྲྭ་ཚུགས་སོགས་ནས་གནས་ཚུལ་གང་ཡོད་བསྡུ་རུབ་ཀྱིས། དྲི་བར་ལན་འདེབས་ཐུབ་པ་ལས་དེ་ལས་ཕར་བརྒལ་ནས་རང་ངོས་ནས་གནས་ཚུལ་གསར་བ་སྦྱོང་བ་དང་། གསར་སྐྲུན་བྱེད་མི་ཐུབ་ཅེས་པ་དེ་རེད། ཡིན་ན་ཡང་། ཐོན་གསར་བ་འདིའི་གླེང་མོལ་དང་བརྙན་པར་བཟོ་སྐྲུན། རྒྱུ་མཚན་འདྲེན་པ། འཆར་འགོད་བྱེད་པ། ཚོང་ལས་བྱ་བར་རོགས་རམ། སྐབས་ཐོག་ཏུ་འབྱུང་བཞིན་པའི་གནས་ཚུལ་དང་བསྟུན་ནས་ལན་རྒྱག་ཐུབ་པ་སོགས་ཀྱི་ནུས་པ་ཕལ་ཆེར་སྔར་ལས་ཡར་རྒྱས་འགྲོ་ཡོད་སྲིད་པ་བཤད། གཞན་ཡང་ཁོས། ཐོན་རིམ་འདིའི་ཁྱད་ཆོས་ཡག་ཤོས་ཤིག་ནི། རྩིས་འཕྲུལ་གྱི་མ་ལག་མཉེན་ཆས་(Software)ཞིག་གི་སྒྲོམ་གཞི་ཧྲིལ་བོ་སྐད་ཅིག་ཉིད་དུ་འབྲི་ཐུབ་པ་དེ་ཡིན་པ་བཤད།
•. དུས་ཚོད་ཀྱི་ཆ་ནས་ཁོ་ཚོས་ཐོན་རིམ་གསར་བ་འདི་ཕྱིར་བཏོན་པ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར། ད་ལྟ་གྷུ་གྷལ་དང་མེ་ཀྲ་(Meta)།
ཨ་མ་ཛོན། མའེ་ཀོར་སོ་ཧྥི་ཀྲི་སོགས་ཀྱིས་བཅོས་མའི་རིག་པ་ཡར་རྒྱས་དང་ཞིབ་འཇུག གནས་ཚུལ་བསྟི་གནས་སོགས་བཟོ་ཆེད། ཨ་སྒོར་ཐེར་འབུམ་ $400 མ་རྐང་འཇོག་བཞིན་པའི་མཚམས་སུ་གྱུར།དེའི་དོན་ནི། ད་ལྟ་བཅོས་མའི་རིག་པ་ཡར་རྒྱས་ཀྱི་ཐད་ཁེ་གཉེར་མང་པོས་མ་རྐང་འཇོག་བཞིན་ནའང་། ཐེངས་འདིར་ཐོན་རིམ་གསར་བ་འདི་ཕྱིར་བཏོན་པ་འདིས། ཨོ་པན་ཨེ་ཨའེ་(OpenAI)སྔར་བཞིན་མདུན་དུ་ཤོར་ཡོད་མཚོན་ཐུབ་པ་བཤད། ད་ལྟ་མི་ཧ་ཅང་མང་པོས་བཅོས་མའི་རིག་པ་སྤྱོད་བཞིན་པ་དང་། དེར་དགའ་བོ་ཡོད་ནའང་། སྤྱིའི་ཆ་ནས་ཁེ་གཉེར་མང་པོ་ཞིག་གིས། ཁྲོམ་རའི་ཉེན་ཁར་གཟབ་ནས་རིག་པ་གསར་བ་འདི་ཡར་རྒྱས་ཁྲོད་མ་རྐང་འཇོག་གི་མེད་པ་བཤད།
•. དོན་དངོས་སུ་ད་ལྟ་བཅོས་མའི་རིག་པ་ཁེ་གཉེར་ཚོས་གཏོང་བཞིན་པའི་དངུལ་སྒོར་གྱི་ཚད་འདི། ཉེས་ན་འཛད་སྤྱོད་ཙམ་ལ་བརྟེན་ནས་བྱུང་བའི་དངུལ་གྱིས་གསབ་མི་ཐུབ་པའང་ཆེད་མཁས་པས་ཉེན་བརྡ་བཏང་།དེའི་དོན་ནི་བཅོས་མའི་རིག་པར་དགའ་མཁན་དང་། དེ་བེད་སྤྱོད་བྱེད་མཁན་ཧ་ཅང་མང་ནའང་། ཁེ་གཉེར་དག་ལ་འཛད་སྤྱོད་དེ་ལས་ཐོབ་པའི་དངུལ་ཙམ་དེ། ཁེ་གཉེར་རང་གིས་མ་རྐང་འཇོག་བཞིན་པའི་ཚད་གཞི་ལ་སླེབས་མི་ཐུབ་ཅེས་པ་དེ་རེད། དེ་ལྟར་ན་བཅོས་མའི་རིག་པ་ཡར་རྒྱས་དང་དེར་མི་མང་པོ་དགའ་མོས་ཡོད་ནའང་། ཚོང་ལས་ཀྱི་ངོ་བོ་ནས་བལྟས་ན་ཉེན་ཁ་སྔར་བཞིན་ཡོད་པ་གསལ། ཡིན་ན་ཡང་། ཨོ་པན་ཨེ་ཨའེ་ཡིས། ལས་མི་ཚོར་རང་ལ་བདག་པའི་མ་ཤེར་ཨ་སྒོར་ཐེར་འབུམ་ $500 ཡི་རིན་ཐང་འཚོང་ཆོག་པའི་ཐད་སྐད་ཆ་ཤོད་ཀྱིན་པ་གསལ། སྔར་ཨ་སྒོར་ཐེར་འབུམ་ $300 ཡིན་པ་ལ། ད་ལྟ་མ་ཤེར་འཚོང་ཆོག་པའི་ཚད་ཨ་སྒོར་ཐེར་འབུམ་ $200 ལ་ཡར་སྤར། འདིས་ཁེ་གཉེར་འདི་ལ་འབྱུང་འགྱུར་གྱི་བཅོས་མའི་རིག་པའི་ཁྲོམ་རར་གདེང་ཚོད་ཆེན་པོ་ཡོད་པ་བསྟན།
