Homeགལ་ཆེན་གསར་འགྱུར།གྷ་ཛ་གྲོང་ཁྱེར་ཧྲིལ་བོ་འཛིན་རྒྱུའི་ཐག་གཅོད། 

གྷ་ཛ་གྲོང་ཁྱེར་ཧྲིལ་བོ་འཛིན་རྒྱུའི་ཐག་གཅོད། 

Date:

༢༠༢༥/༨/༨ གཟའ་པ་སངས།

ཨེ་ཛི་རལ་གྱི་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་ཀྱིས། གྷ་ཛ་ས་ཁུལ་གྱི་གྷ་ཛ་གྲོང་ཁྱེར་ཧྲིལ་བོ། ཨེ་ཛི་རལ་གྱི་དམག་དཔུང་གིས་འཛིན་རྒྱུའི་སྲིད་བློན་གྱི་འཆར་གཞི་ལ་ཆོག་མཆན་སྤྲད་ཟིན་པའི་གནས་ཚུལ་ཐོན། ཨེ་ཛི་རལ་གྱི་སྲིད་བློན་ལས་ཁུངས་ཀྱིས་ཡིག་ཆ་ཞིག་ཕྱིར་བཀྲམས་པའི་ནང་།
ཨེ་ཛི་རལ་གྱི་དམག་དཔུང་གིས་གྷ་ཛ་གྲོང་ཁྱེར་ཧྲིལ་བོ་འཛིན་རྒྱུར་གྲ་སྒྲིག་བྱ་རྒྱུ་ཡིན་པ་དང་། དེ་དང་ལྷན་གཡུལ་སའི་ཕྱི་རོལ་དང་། བདེ་འཇགས་ཡིན་སར་བཞག་ཡོད་པའི་མི་སེར་དག་ལ་དགོས་མཁོ་མུ་མཐུད་དུ་གཏོང་རྒྱུ་ཡིན་པ་བྲིས།

ཡིག་ཆ་འདིའི་ནང་དུ་དམག་འཁྲུག་མཚམས་འཇོག་ཐབས་དང་འབྲེལ་བའི་རྩ་འཛིན་དོན་ཚན་འགའ་བཀོད་པ་ནི། དང་པོ། ཧཱ་མ་སི་དེ་དྲག་པོའི་དམག་དཔུང་ཞིག་གི་ངོ་བོར་འཇོག་རྒྱུ་མིན་པའམ། ཧཱ་མ་སི་དྲག་དཔུང་མེད་པ་བཟོ་རྒྱུ། གཉིས། ད་ལྟ་ཧཱ་མ་སིའི་ལག་ཏུ་ཡོད་པའི་ཨེ་ཛི་རལ་གྱི་མི་དག་དང་། འདས་པོ་དག་གི་ཕུང་པོ་ཕྱིར་ལེན་རྒྱུ། གསུམ། གྷ་ཛ་དེ་དམག་དཔུང་མེད་པའི་ས་ཁུལ་ཞིག་ཏུ་བསྒྱུར་རྒྱུ། བཞི། གྷ་ཛ་ས་ཁུལ་གྱི་བདེ་འཇགས་དེ་ཨེ་ཛི་རལ་གྱིས་སྟངས་འཛིན་བྱ་རྒྱུ། ལྔ། འབྱུང་འགྱུར་གྷ་ཛ་ས་ཁུལ་གྱི་འཛིན་སྐྱོང་དེ། པཱ་ལི་སི་ཐན་གྱི་དབང་འཛིན་པ་ཚོ་དང་།ཧཱ་མ་སི་གང་གི་ལག་ཏུའང་འཇོག་རྒྱུ་མིན་པར། ཨ་རབ་རྒྱལ་ཁབ་ཚོའི་ལག་ཏུ་འཇོག་རྒྱུ་ཡིན་པ་བཅས་བཀོད།

ཨ་རིའི་ཧྥོག་སི་གསར་ཁང་གིས་ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་ལ་བཅར་འདྲི་སྐབས། ཁོས། ཨེ་ཛི་རལ་གྱི་བདེ་འཇགས་ཆེད་ཧཱ་མ་སི་དྲག་དཔུང་གྷ་ཛ་ས་ཁུལ་ནས་མེད་པ་བཟོ་རྒྱུ་དང་། གྷ་ཛ་ས་ཁུལ་གྱི་འཛིན་སྐྱོང་དབང་ཆ་དེ་ཞི་བའི་གཞུང་ཞིག་ལ་སྤྲད་རྒྱུ་ལས། དེ་ཉིད་ཧཱ་མ་སི་སོགས། ཨེ་ཛི་རལ་མེད་པ་བཟོ་དགོས་པ་སྒྲོག་མཁན་སུ་ཞིག་གི་ལག་ཏུའང་འཇོག་རྒྱུ་མིན་ཞེས་དང་། ང་ཚོར་ས་ཁུལ་དེ་དབང་སྒྱུར་འདོད་མེད་ཅེས་བཤད། རྒྱལ་སྤྱི་དང་རྒྱལ་ནང་གི་གནོན་ཤུགས་ཧ་ཅང་ཆེ་ནའང་། ནེ་ཏན་ཡ་ཧུ་ཡིས་གོ་སྐབས་འདི་དང་བསྟུན། ཧཱ་མ་སི་དྲག་དཔུང་ཡོངས་སུ་གཏོར་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་གསལ།

◾ ཧཱ་མ་སི་ཞེས་པ་ནི་པཱ་ལི་སི་ཐན་གྱི་ཁ་ཆེའི་དྲག་དཔུང་ཞིག་དང་།ཆབ་སྲིད་ཚོགས་པ་ཞིག་ཀྱང་ཡིན་པ་དང་། ཕྱི་ལོ་ 2006 ལོའི་པཱ་ལི་སི་ཐན་གྱི་གྲོས་ཚོགས་འོས་བསྡུའི་ཁྲོད། ཧཱ་མ་སི་དྲག་དཔུང་ལ་རྒྱལ་ཁ་ཐོབ་པས། པཱ་ལི་སི་ཐན་གྱི་སྟོབས་ཤུགས་གཞན་དག་(Fatah)དང་། ཧཱ་མ་སིའི་བར་མ་འཆམ་ཞིང་ནང་འཁྲུག་བྱུང་། དུས་དེ་ནས་བཟུང་ཧཱ་མ་སི་དྲག་དཔུང་གིས་གྷ་ཛ་ས་ཁུལ་ཙམ་ལ་དབང་བསྒྱུར་ནས་བསྡད། ཧཱ་མ་སིའི་རྩ་དོན་ནམ་སྒྲོག་ཚིག་གཙོ་བོ་ནི། “གཙང་པོ་ནས་མཚོ་བར་”ཞེས་པ་དེ་རེད། དེའི་དོན་ནི་རྗོར་རྡན་གཙང་པོའི་ནུབ་རྒྱུད་ས་ཁུལ་ནས། ཡུལ་དབུས་རྒྱ་མཚོའི་བར་ཁོ་ཚོས་དབང་སྒྱུར་རྒྱུ་དང་། དེའི་བར་དུ་ཡོད་པའི་ཨེ་ཛི་རལ་རྩ་མེད་བཟོ་རྒྱུ་ཡིན་ཞེས་པ་དེ་རེད།

ཁོ་ཚོའི་རྒྱབ་ཏུ་ཨེ་རན་སོགས་ཨ་རབ་ཀྱི་སྟོབས་ཤུགས། མངོན་གསལ་དང་མངོན་གསལ་མ་ཡིན་པ་མང་པོ་ཡོད་པས། དཔལ་འབྱོར་དང་གོ་ལག་གི་རྒྱབ་སྐྱོར་གཉིས་འཛོམས་ཡིན་པ་མ་ཟད། གྷ་ཛ་ས་ཁུལ་གྱི་ས་འོག་ཀུན་ཏུ་འཐབ་ར་དང་ས་དོང་མང་པོ་བྲུས་ཡོད་པས་གཞན་གྱིས་གཏོར་རྒྱུ་དཀའ། ཕྱི་ལོ་ 2023 ཟླ་ 10 ཚེས་ 7 ཉིན་ཁོ་ཚོས། གློ་བུར་དུ་གྷ་ཛ་ས་ཁུལ་ནས་ཨེ་ཛི་རལ་གྱི་རྒྱལ་མཚམས་བརྒལ་ནས་དྲག་རྒོལ་བྱས་ཤིང་། ས་མཚམས་སུ་ཡོད་པའི་གྲོང་གསེབ་དག་ཏུ་རྒྱུག་ནས་བྱིས་པ་དང་། བུད་མེད་ཚུད་པའི་མི་ 1,200 ཉིན་དེ་རང་ལ་བསད་ཅིང་། གཞན་ཡང་མི་ 251 བཟུང་ནས་གྷ་ཛ་ས་ཁུལ་ལ་བཙན་འཁྲིད་བྱས།

ཨེ་ཛི་རལ་གྱི་དམག་དཔུང་གིས་དེ་ལན་དུ། གྷ་ཛ་ས་ཁུལ་ལ་གནམ་ས་གཉིས་ནས་གཏོར་རྒོལ་དང་། རིམ་གྱིས་དམག་དཔུང་གྷ་ཛ་ས་ཁུལ་དུ་འཛུལ། ཡིན་ན་ཡང་། ཧཱ་མ་སིའི་དམག་མི་ཚོ་མི་སེར་གྱི་གསེང་དང་མི་སེར་གྱི་སྡོད་གནས། ལྷ་ཁང་། སློབ་གྲྭ་སོགས་ཀྱི་འོག་ཏུ་འཛུལ་ཡོད་པས། ད་ལྟ་བར་དམག་འཁྲུག་འདིའི་ཁྲོད་གྷ་ཛ་ས་ཁུལ་གྱི་མི་ 61,158
བསད་ཅིང་། དེའི་ཁྲོད་བྱིས་པ་དང་བུད་མེད་ཧ་ཅང་མང་པོ་ཚུད། དེའི་སྟེང་ཨེ་ཛི་རལ་གྱིས། བཟའ་ཆས་སོགས་ཧཱ་མ་སི་དྲག་དཔུང་གི་ལག་ཏུ་མི་འཆོར་ཆེད། གྷ་ཛ་ས་ཁུལ་དུ་རོགས་སྐྱོར་གཏོང་རྒྱུ་ཚོད་འཛིན་དང་། དམ་དྲག་བྱེད་བཞིན་པས་དེས་ཀྱང་མི་མང་པོ་འཆི་ལམ་དུ་དེད།

གྷ་ཛ་ས་ཁུལ་གྱི་ཆག་སྒོ་འདིའི་རྐྱེན་པས། ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཀྱང་། ཧཱ་མ་སིའི་གོ་ལག་ཐང་ལ་འཇོག་རྒྱུའི་དགོས་འདུན་འདོན་བཞིན་པ་དང་ལྷན། ཨེ་ཛི་རལ་གྱི་སྲིད་བློན་ནེ་ཏན་ཡ་ཧུ་གཞུང་ལའང་སྐྱོན་བརྗོད་རིམ་པར་བྱེད་བཞིན་པ་དང་། ལྷག་པར་ཧྥ་རན་སི་དང་དབྱིན་ཇི། ཁེ་ན་ཀྲ་བཅས་ཀྱིས། ཨེ་ཛི་རལ་གྱིས་ཁོ་ཚོའི་ཆ་རྐྱེན་དག་མ་བསྒྲུབས་ཚེ། ད་ལོའི་ཕྱི་ཟླ་ 9 ནང་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྐབས་སུ། ཁོ་ཚོས་པཱ་ལི་སི་ཐན་དང་ལྷན་ཕྱི་འབྲེལ་འཛུགས་རྒྱུའམ། པཱ་ལི་སི་ཐན་དེ་རྒྱལ་ཁབ་ཅིག་ཡིན་པ་ངོས་ལེན་བྱ་རྒྱུ་ཞེས་བསྒྲགས་ཟིན། འདི་ནི་པཱ་ལི་སི་ཐན་གྱི་དབང་འཛིན་ཚོར་དགའ་འོས་པའི་གཏམ་བཟང་ཞིག་ཡིན་ནའང་། ཧཱ་མ་སི་དྲག་དཔུང་ལ་ཁེ་ཕན་ཅན་ཞིག་ཏུ་འགྱུར་མིན་ཡང་བཤད་དཀའ་བ་གྱུར།

གསར་གནས།

ཡུ་རོབ་ཀྱིས་རང་ལམ་རང་གིས་འཚོལ་དགོས།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་རོན་གྱིས། ཡུ་རོབ་ཀྱིས་ཨ་རི་དང་རྒྱ་ནག་ལ་བརྟེན་མི་དགོས་པར། རང་ཚུགས་ཐུབ་པ་བཟོ་དགོས་པའི་དུས་ཚོད་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་བཞིན་པ་བཤད།

བཅོས་མའི་རིག་པའི་ཉེན་ཁ།

བདུན་ཕྲག་འདིའི་ནང་དུ་བཅོས་མའི་རིག་པ་དང་འབྲེལ་བའི་ལས་བྱེད་ 2 ཀྱིས་ལས་ཀ་ནས་དགོངས་པ་ཞུས་ཤིང་། བཅོས་མའི་རིག་པ་དང་འབྲེལ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པས་ཡིན་པ་བཤད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལ་བསྐྱར་དུ་རྒྱལ་ཁ་ཐོབ།

དེ་རིང་ཚེས་ 13 ཉིན་དབུས་འོས་བསྡུ་ལྷན་ཁང་གིས། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་པ་ལྟར་ན། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འོས་གྲངས་བརྒྱ་ཆ་ 61.024% ཐོབ་ཅིང་། སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་བརྒྱུད་མ་དགོས་པར་གྱུར།

བོད་མིར་རོགས་སྐྱོར་ཨ་སྒོར་ས་ཡ་ $23 ཆོག་མཆན་སྤྲད།

ཨ་རིའི་གྲོས་ཚོགས་ཀྱི་ཆོག་མཆན་སྤྲད་ཟིན་པའི་ཕྱི་རྒྱལ་རོགས་དངུལ་ཁྲོད། བོད་དང་འབྲེལ་བའི་རོགས་དངུལ་ཁྱོན་ཨ་སྒོར་ས་ཡ་ $23 སྤྲད་རྒྱུ་ཆོག་མཆན་སྤྲད།

ཀོ་ལིམ་བྷི་ཡའི་སྲིད་འཛིན་ཨ་རིར་སླེབས།

ཁ་སང་ཀོ་ལིམ་བྷེ་ཡའི་སྲིད་འཛིན་གྷུ་སི་ཏ་ཝོ་ པེ་ཏི་རོ་(Gustavo Petro)ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་སླེབས་ཤིང་། ཕོ་བྲང་དཀར་པོར་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུ་དང་ལྷན་ཐུག